(AFP)

གྷ་ཛའི་དམག་འཁྲུག

དམག་འཁྲུག་གི་དུས་རིམ།

སྤྱི་ཟླ་༡༠ པའི་ཚེས་༧ ཉིན་ནི་གྷ་ཛའི་དམག་འཁྲུག་བྱུང་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན་ཞིང་། དམག་འཁྲུག་དེ་ནི་ཨ་རིས་འཇིགས་སྐུལ་རྩ་འཛུགས་ཁོངས་སུ་བཞག་ཡོད་པའི་ཧ་མ་སིས་ཨི་སི་རལ་ལྷོ་རྒྱུད་ཀྱི་ས་མཚམས་སུ་གློ་བུར་དུ་གཏོར་རྒོལ་བྱས་ནས་འགོ་བརྩམས་པ་ཞིག་ཡིན་པ་དང་། འདས་པའི་ལོ་གཅིག་གི་རིང་། ཁུལ་དེ་ལ་དམག་དོན་གྱི་ལས་འགུལ་དང་ཕྱི་འབྲེལ། ཆབ་སྲིད་ཀྱི་ལས་དོན་མང་པོ་ཞིག་བྱུང་སྟེ། ཨི་སི་རལ་དང་པ་ལེ་སི་ཐན་གཉིས་ཀྱི་ལོ་རྒྱུས་ཐོག་ཤི་རྨས་ཚབས་ཆེ་ཤོས་ཐེབས་པའི་དམག་འཁྲུག་ཞིག་ཏུ་གྱུར་ཡོད་པ་རེད།

(AFP)

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༧ ཉིན་གྱི་སྔ་དྲོར།

ཧ་མ་སིས་ཨི་སི་རལ་ལ་གཏོར་རྒོལ་ཚབས་ཆེ་བཏང་ཡོད་པ་རེད།

ཨི་སི་རལ་གྱིས་གྷ་ཛ་དང་ནུབ་ཆུ་ཁའི་སྡོད་དམངས་ཚོ་ལ་དྲག་སྤྱོད་སྤེལ་བཞིན་པ་དང་པ་ཀི་སི་ཐན་བ་ཚོ་གང་བྱུང་འཛིན་བཟུང་བྱེད་བཞིན་ཡོད་པ་སོགས་བསྙད་བཏགས་ནས། ཧ་མ་སིས་པ་ལེ་སི་ཐན་ནང་གི་དྲག་སྤྱོད་རྩ་འཛུགས་གཞན་ཚོ་དང་མཉམ་འབྲེལ་ཐོག་ནས་ཨི་སི་རལ་ལ་རྒོལ་རྡུང་གཏོང་རྒྱུའི་ཕྱིར་བསྒྲགས་བྱས་ཏེ། འཕུར་མདའ་སྟོང་ཕྲག་མང་པོ་ཨི་སི་རལ་ཕྱོགས་སུ་འཕེན་ཡོད་པར་མ་ཟད། དོས་སྐྱེལ་མོ་ཏྲ་དང་། ས་སློག་འཕྲུལ་འཁོར། གྲུ་གཟིངས་དང་མཆོང་གདུགས་སོགས་བཀོལ་སྤྱོད་ཀྱིས་ཨི་སི་རལ་གྱི་ལྷོ་ཕྱོགས་ཀྱི་ས་མཚམས་བརྒལ་ནས་གཏོར་རྒོལ་བཏང་ཡོད་པ་རེད།

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༧ ཉིན་མོར།

ཨི་སི་རལ་གྱི་མི་སེར་༡༢༠༠ ཙམ་དང་ཕྱི་རྒྱལ་གྱི་མི་སེར་དམར་གསོད་ཐེབས་ཡོད་པ་དང་། མི་༢༥༡ ཙམ་བཙན་ཁྲིད་བྱས་ནས་མི་གཏའ་ཉར་ཡོད་པ་རེད།

ཨི་སི་རལ་གྱི་ཉེན་རྟོག་ལས་ཁུངས་དང་དམག་དོན་རྟེན་གཞི། ས་མཚམས་ཀྱི་སོ་ལྟ་ཁང་ལས་གཞན། ད་དུང་ཞི་བའི་མི་སེར་ཚོའི་སྡོད་གནས་དང་སྡོད་ཁང་། གཞན་རོལ་དབྱངས་འདུ་འཛོམས་གཉིས་བཅས་ལ་གཏོར་རྒོལ་ཐེབས་ཡོད་པ་རེད།

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༧ ནས་༩ ཡི་བར།

ཨི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གྷ་ཛ་ལུང་གཤོངས་མཐར་སྐོར་ནས་ཕར་རྒོལ་བྱས་ཡོད་པ་རེད།

ཨི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ལམ་སང་གྷ་ཛ་ལུང་གཤོངས་མཐར་སྐོར་ནས་ཕར་རྒོལ་བྱས་ཏེ་དྲག་སྤྱོད་པ་ཚོ་ཕྱིར་འཐེན་མི་བྱས་ཁ་མེད་ཆགས་བཅུག་ཡོད་པར་མ་ཟད། ཛ་དྲག་གི་བཀོད་ཁྱབ་བཏང་ནས་དམག་ཞབས་ཞུ་རྒྱུར་གྲ་སྒྲིག་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་རེད། ཨི་སི་རལ་གྱིས་གྷ་ཛའི་ས་མཚམས་ཀྱི་འགག་སྒོ་ཡོད་ཚད་བཀག་སྡོམ་བྱས་ཡོད་པ་དང་། ཁུལ་དེའི་འབྲུ་རིགས་དང་ནུས་ཁུངས། འཐུང་ཆུའི་མཁོ་འདོན་ཡོད་ཚད་བཅད་དེ་ཧ་མ་སི་དྲག་སྤྱོད་པ་ཚོར་དམིགས་འབེན་བྱས་ནས་མཁའ་ཐོག་ནས་གཏོར་རྒོལ་དྲག་པོ་བཏང་ཡོད་པ་རེད།

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༨ ནས༡༡ ཉིན་གྱི་བར།

སྤྱི་ལོ་༡༩༧༣ ལོར་ནས་ད་བར་ཨི་སི་རལ་གཞུང་འཛིན་གྱིས་ཧ་མ་སི་ལ་དམག་བརྡ་ཐོག་མ་དེ་བཏང་ཡོད་པ་རེད།

ཨི་སི་རལ་གཞུང་འཛིན་གྱིས་ཧ་མ་སི་ལ་དམག་བརྡ་ཐོག་མ་དེ་བཏང་བ་དང་སྦྲགས། སྲིད་བློན་བྷེན་ཇཱ་མིན་ནེ་ཐ་ཡ་ཧུ་དང་ཁ་གཏད་ཕྱོགས་ཁག་གི་འགོ་ཁྲིད་བྷན་ནི་གྷན་ཚི་གཉིས་ནས་ཛ་དྲག་སྐབས་ཀྱི་མཉམ་འབྲེལ་གྱི་གཞུང་ཞིག་གསར་འཛུགས་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

(AFP)

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༡༣ ཉིན།

མཁའ་ཐོག་གི་གཏོར་རྒོལ་དེ་གྷ་ཛ་ས་ཁུལ་ཡོངས་ལ་ཁྱབ་འགོ་ཚུགས།

ཨི་སི་རལ་དམག་དཔུང་གིས་ས་མཚམས་བརྒལ་ནས་གཏོར་རྒོལ་གཏོང་འགོ་ཚུགས་པ་དང་བསྟུན་ནས་གྷ་ཛའི་བྱང་རྒྱུད་དུ་ཞི་བའི་མི་སེར་ས་ཡ་གཅིག་ལྷག་ཉེན་གཡོལ་ཆེད་དུ་གྷ་ཛའི་ལྷོ་ཕྱོགས་སུ་གནས་སྤོ་བྱས་དགོས་བྱུང་ཡོད། འོན་ཏེ་ཨི་སི་རལ་གྱིས་བདེ་འཇགས་ས་ཁུལ་ཚུད་པའི་ས་གནས་མང་པོར་མཁའ་ཐོག་ནས་གཏོར་རྒོལ་གཏོང་མཚམས་བཞག་མེད་པ་རེད།

(Reuters)

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༡༧ ཉིན།

གྷ་ཛའི་ཨེ་ལི་ཨ་རབ་སྨན་ཁང་དུ་མི་༡༠༠ ལྷག་ལ་སྲོག་སྐྱོན་བྱུང་ཡོད་པ་རེད།

དང་ཐོག་དེ་ནི་ཨི་སི་རལ་གྱིས་མཁའ་ཐོག་གཏོར་རྒོལ་ལས་བྱུང་བ་ཞིག་ཡིན་པའི་སྙན་ཐོ་བཏོན་ཡོད་ཀྱང་། རྗེས་ནས་དེ་ནི་པ་ལེ་སི་ཐན་གྱིས་མེ་ཤུགས་འཕུར་མདའ་ཞིག་འཕེན་པ་དེ་ལམ་ལྷུང་བྱུང་མེད་པ་ལས་བྱུང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། གང་ལྟར་འབར་གས་ཀྱི་འབྱུང་རྐྱེན་ངོ་མ་དེ་ད་དུང་བརྩད་ཆོད་ཐུབ་མེད་པ་རེད།

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༢༡ ཉིན།

མི་ཆོས་དགེ་རྩའི་ལས་གཞི་བསྐྱར་གསོ་བྱུང་བ།

ཨེ་ཅིབ་ཀྱིས་བར་འདུམ་འོག་བཞག་པའི་གྲོས་ཆོད་གཞི་བཟུང་གིས། སྤྱི་ཟླ་༡༠ པའི་ཚེས་༩ ཉིན་ནས་སྒོ་བརྒྱབ་ཡོད་པའི་ར་ཧྥའི་ས་མཚམས་ཀྱི་འགག་སྒོ་བསྐྱར་དུ་སྒོ་ཕྱེ་ནས་མི་ཆོས་དགེ་བའི་རོགས་སྐྱོར་གྱི་ལས་གཞི་ཆ་ཤས་ཤིག་སྤེལ་འགོ་ཚུགས་ཐུབ་ཡོད་པ་རེད།

(AFP)

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༢༧ ཉིན།

ཨི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གྷ་ཛའི་ཁུལ་དུ་ཕྱོགས་ཡོངས་ནས་བཙན་འཛུལ་བྱེད་འགོ་ཚུགས་ཡོད་པ་རེད།

ཨི་སི་རལ་གྱིས་ཧ་མ་སི་རྩ་གཏོར་གཏོང་རྒྱུ་དང་མི་གཏའ་གློད་བཀྲོལ་ཡོང་ཐབས་ཆེད་དུ་དམིགས་ནས་གྷ་ཛ་ནང་དུ་བརྡ་རྟགས་བཅད་ཡོད་པར་མ་ཟད། མཁའ་ཐོག་ནས་གཏོར་རྒོལ་དང་མེ་སྒྱོགས་འཕེན་ནས་གཏོར་རྒོལ་དྲག་པོ་བྱས་ཡོད་པ་རེད། གྷ་ཛའི་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་དོན་བྱས་ན། སྤྱི་ཟླ་༡༠ པའི་ཟླ་མཇུག་བར་དུ་གྷ་ཛའི་བྱང་རྒྱུད་ཀྱི་འཛུགས་སྐྲུན་སུམ་ཆ་གཅིག་ཙམ་ལ་གཏོར་སྐྱོན་བྱུང་ཡོད་པ་དང་པ་ལེ་སི་ཐན་མི་སེར་ཁྲི་གཅིག་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

(Reuters)

༢༠༢༣ ལོའི་སྤྱི་ཟླ་༡༡ པའི་ཚེས་༡ ནས་༡༤ ཉིན།

ཞི་བའི་མི་སེར་ཤི་རྨས་བྱུང་བའི་གནས་ཚུལ་ཇེ་མང་དང་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་འགོ་ཚུགས།

ཇཱ་བྷ་ལི་ཡ་གྲོང་ཁྱེར་སོགས་སུ་ཨི་སི་རལ་དང་ཧ་མ་སི་གཉིས་བར་ལ་འཐབ་འཛིང་དྲག་པོ་བྱུང་ཡོད་པ་དང་དུས་མཚུངས་སུ། གཏོར་རྒོལ་ཁྲོད་དུ་གྷ་ཛའི་དཀྱིལ་ཁུལ་གྱི་སྡོད་ཁང་ཞིག་དང་། གྷ་ཛའི་ཥི་ཧྥ་སྨན་ཁང་འཁྲིས་ཀྱི་མྱུར་སྐྱོབ་མོ་ཏྲ་ཞིག་དང་། གཞན་རྒྱལ་མཚམས་མེད་པའི་འཕྲོད་བསྟེན་རྩ་འཛུགས་ཀྱི་རོགས་སྐྱོར་མོ་ཏྲ་ཞིག་ལ་གཏོར་རྒོལ་ཐེབས་ནས་ཞི་བའི་མི་སེར་མང་པོ་ལ་སྲོག་སྐྱོན་བྱུང་ཡོད་པའི་ཐད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་སི་རལ་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། འོན་ཏེ་ཨི་སི་རལ་ཕྱོགས་ནས་ཉེས་འཛུགས་དེ་དག་ལ་ངོས་ལེན་བྱས་མེད་པ་རེད།

(Reuters)

༢༠༢༣ ལོའི་སྤྱི་ཟླ་༡༡ པའི་ཚེས་༡༥ ཉིན།

ཨི་སི་རལ་གྱི་རྒྱལ་སྲུང་དམག་གིས་གློ་བུར་དུ་ཥི་ཧྥ་སྨན་ཁང་ལ་གཏོར་རྒོལ་བཏང་ཡོད་པ་རེད།

ཨི་སི་རལ་གྱིས་ཥི་ཧྥ་སྨན་ཁང་ལ་དཔུང་འཇུག་བྱས་ཡོད་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཀྱང་། ཨི་སི་རལ་གྱིས་སྨན་ཁང་དེ་ནི་ཧ་མ་སིའི་བཀོད་འདོམས་ལྟེ་གནས་སུ་བེད་སྤྱོད་གཏོང་བཞིན་ཡོད་པ་བརྗོད་དེ་སྨན་ཁང་དེའི་ས་འོག་ཏུ་སྦུག་ལམ་ཡོད་པའི་བརྙན་གྱི་བདེན་དཔང་ཕྱིར་སྤེལ་བྱས་ཡོད་པ་རེད།

(AFP)

༢༠༢༣ ལོའི་སྤྱི་ཟླ་༡༡ པའི་ཚེས་༡༢ ཉིན།

ཁ་ཐར་དང་ཨེ་ཅིབ། ཨ་རི་བཅས་ཀྱིས་བར་འདུམ་འོག་བཞག་པའི་གནས་སྐབས་རིང་མེ་འཕེན་མཚམས་འཇོག་གི་གྲོས་ཆོད་ལ་གྲུབ་འབྲས་ཐོན་འགོ་ཚུགས་པ།

གྲོས་ཆོད་ལྟར་དུ་ཧ་མ་སིས་མི་གཏའ་༡༠༥ གློད་བཀྲོལ་བཏང་ཡོད་པ་དང་། ཨི་སི་རལ་གྱིས་ཀྱང་པ་ལེ་སི་ཐན་གྱི་བཙོན་པ་༢༤༠ གློད་བཀྲོལ་བཏང་ཡོད་པ་རེད། འོན་ཏེ་ཕྱོགས་གཉིས་ཀས་མེ་འཕེན་མཚམས་འཇོག་གི་ཆ་རྐྱེན་ལ་སྐྱོན་བརྗོད་བྱེད་རེ་བྱས་ཏེ། མི་གཏའ་སུ་ཞིག་གློད་བཀྲོལ་གཏོང་རྒྱུའི་གནད་དོན་སྐོར་ལ་གྲོས་འཆམ་བྱུང་མེད་པའི་རྐྱེན་གྱིས། མེ་འཕེན་མཚམས་འཇོག་གི་དུས་ཡུན་རིང་དུ་གཏོང་རྒྱུའི་འབད་བརྩོད་དེ་ལམ་ལྷུང་བྱུང་ཐུབ་མེད་པ་རེད།

(AFP)

༢༠༢༣ ལོའི་སྤྱི་ཟླ་༡༢ པར།

ཨི་སི་རལ་དམག་དཔུང་གིས་གྷ་ཛའི་དབུས་ཁུལ་དང་ལྷོ་ཕྱོགས་སུ་གཏོར་རྒོལ་རྒྱ་བསྐྱེད་གཏོང་འགོ་ཚུགས་ཡོད་པ་རེད།

ཁན་ཡུ་ནི་སི་གྲོང་ཁྱེར་སོགས་ཀྱི་ནང་ད་ཕན་འཐབ་འཛིང་ཛ་དྲག་ཆེ་ཤོས་དེ་བྱུང་ཡོད་པ་དང་། གྷ་ཛའི་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་དོན་བྱས་ན། ཟླ་བ་དེའི་ཟླ་མཇུག་བར་དུ། པ་ལེ་སི་ཐན་མི་ཁྲི་གཉིས་ཙམ་བསད་ཡོད་པ་དང་དེ་ནི་སྤྱིའི་མི་འབོར་ལས་བརྒྱ་ཆའི་གཅིག་ཟིན་ཡོད་པ་རེད། ཨི་སི་རལ་དམག་གིས་དར་ཆ་དཀར་པོ་ཁྱེར་མཁན་ཨི་སི་རལ་གྱི་མི་གཏའ་གསུམ་ནོར་འཁྲུག་ཤོར་ནས་བསད་པ་དེ་ལ་ཨི་སི་རལ་མི་མང་ཚོས་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་རེད།

(AFP)

༢༠༢༤ ལོའི་སྤྱི་ཟླ་དང་པོའི་ཚེས་༢༢ ཉིན།

ཨི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ལ་ཉིན་རེར་རྐྱེན་འདས་སུ་ཕྱིན་བའི་མི་གྲངས་མང་ཤོས་སུ་སླེབས་ཡོད་པ་རེད།

གྷ་ཛའི་ཤར་ལྷོ་ས་མཚམས་ཀྱི་གཏོར་རྒོལ་ཁྲོད་དུ་ཨི་སི་རལ་གྱི་དམག་མི་༢༡ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཨི་སི་རལ་གྱིས་བཏོན་པའི་སྙན་ཐོ་ལས། ཁོ་ཚོས་གྷ་ཛའི་བྱང་རྒྱུད་དུ་ཡོད་པའི་ཧ་མ་སིའི་སྟོབས་ཤུགས་རྩ་གཏོར་བཏང་ཚར་ཡོད་ཀྱང་། དྲག་སྤྱོད་པ་ཚོས་ད་ཆ་དམག་ཤུགས་སླར་གསོ་བྱེད་བཞིན་པའི་རྟགས་མཚན་མངོན་གྱི་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

(Reuters)

༢༠༢༤ ལོའི་སྤྱི་ཟླ་དང་པོའི་ཚེས་༢༦ ཉིན།

ཨི་སི་རལ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་བར་འཁྲུག་རྩོད་བྱུང་བ།

ལྷོ་ཨ་ཧྥེ་རི་ཁའི་ཞུ་གཏུག་དང་འབྲེལ་ནས་ཨི་སི་རལ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་བར་འཁྲུག་རྩོད་བྱུང་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཨི་སི་རལ་གྱིས་མི་རིགས་རྩ་མེད་གཏོང་བའི་ནག་ཉེས་བསགས་མི་རུང་བའི་ཐག་གཅོད་བྱས་ཡོད་ཀྱང་མེ་འཕེན་མཚམས་འཇོག་བྱ་དགོས་པའི་བཀོད་ཁྱབ་བཏང་མེད་པ་རེད། ཉིན་དེར་ཨི་སི་རལ་གྱིས་པ་ལེ་སི་ཐན་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྡོད་སྒར་གྱི་ལས་མི་འགའ་ཤས་སྤྱི་ཟླ་༡༠ པའི་ཚེས་༧ ཉིན་གྱི་གཏོར་རྒོལ་ནང་མཉམ་ཞུགས་བྱས་ཡོད་པར་སྐྱོན་བརྗོད་བྱས་ཡོད་པའི་རྐྱེན་ལས། བར་ལམ་ཨ་རི་དང་རྒྱལ་ཁབ་འགས་ཚོགས་པ་དེ་ལ་མ་དངུལ་མཁོ་འདོན་མཚམས་བཅད་ཡོད་པ་རེད།

(AFP)

༢༠༢༤ ལོའི་སྤྱི་ཟླ་༢ པའི་ཚེས་༢ ཉིན།

ཨི་སི་རལ་གྱིས་ལྷོ་ཕྱོགས་ར་ཧྥ་གྲོང་ཁྱེར་ཕྱོགས་སུ་གཏོར་རྒོལ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

གསལ་བསྒྲགས་དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་སླེབས་ཡོད་པ་དང་། རྒྱུ་མཚན་ནི་ར་ཧྥ་གྲོང་ཁྱེར་དེ་ས་མཚམས་ཀྱི་འགག་སྒོ་གནད་འགག་ཅན་ཞིག་ཆགས་ཡོད་པར་མ་ཟད། གྷ་ཛ་ནང་གི་ས་ཁུལ་གཞན་ཀྱི་ས་ནས་ཉེན་གཡོལ་དུ་ཕེབས་མཁན་གྱི་པ་ལེ་སི་ཐན་བ་ཚོའི་སྐྱབས་བཅོལ་བའི་སྡོད་སྒར་ཡང་གནས་དེ་ལ་ཡོད་པ་རེད།

(AFP)

༢༠༢༤ ལོའི་སྤྱི་ཟླ་༢ པའི་ཚེས་༢༩ ཉིན།

རོགས་སྐྱོར་དངོས་ཟོག་བགོ་འགྲེམ་བྱེད་སྐབས་པ་ལེ་སི་ཐན་བ་བརྒྱ་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

ཨི་སི་རལ་གྱི་དམག་གིས་མི་ཆོས་དགེ་བའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་མོ་ཏྲ་ཞིག་གི་འཁྲིས་ལ་ཡོད་པའི་མི་ཚོགས་ཐོག་ལ་གཏོར་རྒོལ་བཏང་ནས་པ་ལེ་སི་ཐན་གྱི་མི་སེར་བརྒྱ་ལྷག་ལ་སྲོག་སྐྱོན་བྱུང་ཡོད་པ་རེད། ཨི་སི་རལ་རྒྱལ་སྲུང་ལས་ཁུངས་ཀྱིས་ཁོ་ཚོས་ཉེན་བརྡ་བཏང་བའི་ཚུལ་དུ་མེ་མདའ་བརྒྱབ་པ་ཞིག་ལས་སྲོག་སྐྱོན་དེ་དག་ནི་རྡོག་བརྫིས་དོན་རྐྱེན་ལས་བྱུང་བ་རེད་ཅེས་བརྗོད་ཡོད་པ་རེད།

(AP)

༢༠༢༤ ལོའི་སྤྱི་ཟླ་༣ པར།

བཀྲེས་སྐོམ་གྱི་སྡུག་བསྔལ་ཇེ་ཆེར་འགྲོ་བ།

ཨ་རིས་མཚོ་ཐོག་ནས་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཐབས་སུ་གནས་སྐབས་རིང་ལ་གྲུ་ཁ་གསར་རྒྱག་བྱ་རྒྱུའི་ཕྱིར་བསྒྲགས་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཨི་སི་རལ་གྱིས་འབྲུ་རིགས་དང་སྨན་བཅོས་མཁོ་སྤྲོད་བྱེད་རྒྱུར་ཁག་ཐེག་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

(AP)

༢༠༢༤ ལོའི་སྤྱི་ཟླ་༤ པའི་ཚེས་༡ ནས་༤ ཡི་བར།

མི་ཆོས་དགེ་བའི་རོགས་སྐྱོར་བྱེད་མཁན་ཚོགས་པ་ཁག་ལ་རྡུང་རྡེག་ཚབས་ཆེ་ཐེབས་པ།

ཨ་རི་དང་ཁ་ན་ཏ། ཕོ་ལན་ཌི། ཨོ་སི་ཁྲོ་ལི་ཡ་དང་དབྱིན་ཇི་བཅས་ཀྱི་མི་སེར་ཚུད་པའི་རོགས་སྐྱོར་མི་སྣ ༧ ཨི་སི་རལ་གྱི་གཏོར་རྒོལ་ཁྲོད་དུ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་ཆོས་དགེ་བའི་རོགས་སྐྱོར་བྱེད་མཁན་ཚོགས་པ་དེའི་རོགས་སྐྱོར་གྱི་ལས་དོན་རེ་ཞིག་མཚམས་བཞག་དགོས་བྱུང་ཡོད་པ་རེད། ཨ་རིའི་གནོན་ཤུགས་འོག་ཏུ། གྷ་ཛའི་བྱང་རྒྱུད་ས་མཚམས་ཨེ་རེ་ཛི་འགག་སྒོ་དེ་བཞིན་དམག་འཁྲུག་བྱུང་རིང་ཐེངས་དང་པོ་སྒོ་ཕྱེས་ཡོད་པ་རེད།

༢༠༢༤ ལོའི་སྤྱི་ཟླ་༤ པའི་ཚེས་༧ ནས་༢༤ ཡི་བར།

ཨི་སི་རལ་གྱི་དམག་དཔུང་གྷ་ཛའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་ནས་ཕྱིར་འཐེན་བྱས་ཡོད་པ་རེད།

ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་རྗེས། ཨི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ར་ཧྥ་ཕྱོགས་སུ་དཔུང་འཇུག་བྱེད་འགོ་ཚུགས་ཏེ། དུས་ཡུན་ཐུང་ངུའི་རིང་ལ་ཞི་ལྷོད་ཅུང་ཟད་བྱུང་རྗེས། རིམ་བཞིན་མཁའ་ཐོག་གི་གཏོར་རྒོལ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

༢༠༢༤ ལོའི་སྤྱི་ཟླ་༥ པར།

ཨི་སི་རལ་གྱིས་ར་ཧྥ་ནང་དཔུང་འཇུག་བྱ་རྒྱུར་ཆོག་མཆན་སྤྲད་ཡོད་པ་རེད།

ཨི་སི་རལ་གྱིས་ར་ཧྥ་ལ་ཕྱོགས་ཡོངས་ནས་གཏོར་རྒོལ་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་། ཨ་རིའི་གནོན་ཤུགས་འོག་ཏུ། ཨི་སི་རལ་གྱི་འཆར་གཞི་དེ་ལ་འགྱུར་བ་བཏང་ནས་ར་ཧྥར་མཐའ་སྐོར་ནས་དམིགས་ཡུལ་ཡོད་པའི་ཐོག་ནས་རྒོལ་རྡུང་གཏོང་རྒྱུ་ཐག་བཅད་ཡོད་པ་རེད། ཨི་སི་རལ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་མེ་འཕེན་མཚམས་འཇོག་བྱ་དགོས་པའི་ཐག་གཅོད་དེ་ལ་ངོས་ལེན་བྱས་མེད་པ་རེད།

(Reuters)

༢༠༢༤ ལོའི་སྤྱི་ཟླ་༦ པའི་ཚེས་༨ ཉིན།

ཨི་སི་རལ་གྱི་དཔུང་དམག་གིས་གློ་བུར་དུ་ནུ་སེ་ར་ཌི་ནང་གི་སྐྱབས་བཅོལ་བའི་སྡོད་སྒར་ཐོག་ལ་གཏོར་རྒོལ་བཏང་ནས་མི་གཏའ་བཞིའི་ཚེ་སྲོག་སྐྱོབ་ཐུབ་ཡོད་པ་རེད།

གནས་ཚུལ་ཐོན་པར་ལྟར་ན། གཏོར་རྒོལ་དོན་རྐྱེན་དེའི་ཁྲོད་དུ་པ་ལེ་སི་ཐན་མི་སེར་༢༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཐེངས་འདིའི་གཏོར་རྒོལ་དེར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱབ་སྐྱོར་བྱས་ཡོད་པ་རེད།

(AFP)

༢༠༢༤ ལོའི་སྤྱི་ཟླ་༧ པར།

ཨི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་ནས་གཏོར་རྒོལ་གཏོང་ནས་ཞི་བའི་མི་སེར་ཤི་རྨས་བྱུང་བའི་གྲངས་འབོར་ཇེ་མང་ཕྱིན་པ།

སློབ་གྲྭ་དང་སྐྱབས་བཅོལ་བའི་སྡོད་སྒར་ལ་གཏོར་རྒོལ་གཏོང་སྐབས་བུད་མེད་དང་ཕྲུ་གུ་ཚུད་པའི་པ་ལེ་སི་ཐན་མི་སེར་བཅུ་གྲངས་འགའ་ཤས་རྐྱེན་འདས་སུ་ཕྱིན་ཡོད་ཀྱང་། ཨི་རི་སལ་རྒྱལ་སྲུང་དམག་དཔུང་གིས་བརྗོད་དོན་བྱས་ན། སློབ་གྲྭ་དང་སྐྱབས་བཅོལ་བའི་སྡོད་སྒར་དེ་དག་གིས་ཧ་མ་སི་དྲག་སྤྱོད་པ་ཚོ་སྦས་སྐུང་བྱས་ཡོད་པ་བརྗོད་འདུག སྐབས་དེར་པ་ལེ་སི་ཐན་ཤར་རྒྱུད་དུ་ཡོད་པའི་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་སྤྱི་ཁྱབ་ལས་ཁུངས་དེ་ལ་ཡང་གཏོར་སྐྱོན་ཐེབས་ཡོད་པ་རེད།

(AP)

༢༠༢༤ ལོའི་སྤྱི་ཟླ་༧ པའི་ཚེས་༣༡ ཉིན།

ཧ་མ་སིའི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེ་ཡ་ཨི་རན་གྱི་རྒྱལ་ས་ཐེ་ཧེ་རར་འཚམས་འདྲི་ཕྱིན་དུས་ལྐོག་བསད་ཐེབས་ཡོད་པ་རེད།

ལྐོག་བསད་བྱེད་མཁན་ཨི་སི་རལ་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། ཨི་སི་རལ་ཕྱོགས་ནས་དོན་རྐྱེན་དེར་འགན་འཁུར་རྒྱུ་ཡིན་མིན་ཐད་ཀར་ལན་འདེབས་བྱས་མེད་པ་རེད།

(Reuters)

༢༠༢༤ ལོའི་སྤྱི་ཟླ་༨ པའི་ཚེས་༣༡ ཉིན།

པོ་ལི་ཡོ་འགོག་སྨན་རྒྱག་ཆེད་གནས་སྐབས་རིང་ལ་མེ་འཕེན་མཚམས་འཇོག་གི་གྲོས་ཆོད་ལ་མོས་མཐུན་བྱུང་ཡོད་པ་རེད།

གྷ་ཛ་ནང་མི་ལོ་༢༥ རྗེས་ལ་པོ་ལི་ཡོ་ནད་པ་དང་པོ་ཐོན་པར་ཤེས་རྟོགས་བྱུང་རྗེས། ཕྱོགས་གཉིས་ཀས་ནད་ཡམས་སྔོན་འགོག་ཆེད་དུ་ས་ཁུལ་འགའ་ཤས་ནང་དུས་ཐོག་འགོག་སྨན་བཞེས་རྒྱུར་དམིགས་ནས། གནས་སྐབས་རིང་མེ་འཕེན་མཚམས་འཇོག་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་རེད། དེར་བརྟེན་ནས་གྷ་ཛ་ནང་གི་པ་ལེ་སི་ཐན་གྱི་ཕྲུ་གུ་བརྒྱ་ཆའི་༩༠ ཙམ་ལ་པོ་ལི་ཡོ་འགོག་སྨན་རིམ་པ་དང་པོ་དེ་བཞེས་རྒྱུ་བྱུང་ཡོད་པ་རེད།

༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༧ ཉིན་ནས་བཟུང་སྟེ། གྷ་ཛའི་ནང་རྐྱེན་འདས་སུ་ཕྱིན་པའི་པ་ལེ་སི་ཐན་བ།

50,000

རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར། ༤༠༧༣༨

40,000

30,000

20,000

10,000

0

༢༠༢༣ ལོའི་སྤྱི་ཟླ་༡༠ པ།

༢༠༢༤ ལོའི་སྤྱི་ཟླ་དང་པོ།

༢༠༢༤ ལོའི་སྤྱི་ཟླ་༤ པ།

༢༠༢༤ ལོའི་སྤྱི་ཟླ་༨ པ།

ཡོངས་ཁུངས། གྷ་ཛའི་འཕྲོད་བསྟེན་ལས་ཁུངས།

དམག་འཁྲུག་རྒྱ་བསྐྱེད་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན་ནས། རྐྱེན་འདས་སུ་ཕྱིན་པའི་པ་ལེ་སི་ཐན་བ་ཁྲི་བཞི་ལས་བརྒལ་ཡོད་པ་རེད།

གྷ་ཛའི་དམག་འཁྲུག་བྱུང་ནས་ལོ་གཅིག་ཕྱིན་པ་དང་བསྟུན། ཨི་སི་རལ་གྱི་དམག་གིས་ཧ་མ་སིའི་དམག་གི་སྟོབས་ཤུགས་རྩ་གཏོར་བཏང་ཚར་ཡོད་པར་བརྗོད་བཞིན་ཡོད་ཀྱང་། མེ་འཕེན་མཚམས་འཇོག་གི་གྲོས་ཆོད་འཇོག་ཐུབ་རྒྱུར་ད་དུང་དུས་ཚོད་ཡུན་རིང་འགོར་གྱི་ཡོད་པ་རེད། དེ་དང་དུས་མཚུངས་སུ། ཨི་རན་གྱི་རྒྱབ་སྐྱོར་ཡོད་པའི་ལེ་བྷ་ནན་ནང་གི་ཧེ་ཛི་བྷོ་ལ་དང་ཡེ་མེན་ཧུ་ཐི་དྲག་སྤྱོད་ཚོགས་པ་གཉིས་དང་ཨི་སི་རལ་བར་གྱི་འབྲེལ་ལམ་ཛ་དྲག་ཆགས་བཞིན་པ་དང་། གྷ་ཛའི་དམག་འཁྲུག་དེ་བཞིན་དཀྱིལ་ཤར་ས་ཁུལ་ཡོངས་ལ་རྒྱ་བསྐྱེད་འགྲོ་སྲིད་པའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་བཞིན་པ་རེད།

སྤྱི་ཟླ་༡༠ པའི་ཚེས་༧ ཉིན། ཧ་མ་སིས་གཏོར་རྒོལ་བཏང་བ།

ཞི་བའི་མི་སེར་ཚོར་དྲག་སྤྱོད་སྤེལ་བ།
འབར་གཏོར་དང་རྒྱང་ཐང་རིང་ས་ནས་རྒོལ་རྡུང་གཏོང་བའི་དོན་རྐྱེན།
གཡུལ་འགྱེད།

ཡོང་ཁུངས། ACLED

སྤྱི་ཟླ་༡༠ པའི་ཚེས་༧ ནས་༩ ཡི་བར། ཨི་སི་རལ་གྱིས་རྒོལ་ལན་སློག་པ།

འབར་གཏོར་དང་རྒྱང་ཐང་རིང་ས་ནས་རྒོལ་རྡུང་གཏོང་བའི་དོན་རྐྱེན།
ཞི་བའི་མི་སེར་ཚོར་དྲག་སྤྱོད་སྤེལ་བ།

ཡོང་ཁུངས། ACLED

འབར་གཏོར་དང་རྒྱང་ཐང་རིང་ས་ནས་རྒོལ་རྡུང་གཏོང་བའི་དོན་རྐྱེན།

ཡོང་ཁུངས། ACLED